藏语文研究
Tibetan Language and Linguistics
Published by Nankai University & University of Oregon
བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་བྱ་བའི་དུས་དེབ་འདིའི་སྟེང་ལ། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་སྣ་ཚོགས་ཀྱིས་བྲིས་པའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་དཔྱད་འབྲས་དགོད་འཆར་ཡོད་ཅིང་། ཤོག་དཔར་དང་གློག་དཔར་ཟུང་འབྲེལ་གྱིས་འགྲེམ་སྤེལ་བྱ་རྩིས་ཡིན།
བོད་ཀྱི་སྐད་རིགས་སྣ་ཚོགས་དང་ཡུལ་སྐད་འདྲ་མིན་གྱི་སྐད་སྒྲ་དང་། སྒྲ་ཁམས། ཡི་གེ ཐ་སྙད། བརྡ་སྤྲོད། ལོ་རྒྱུས། ཡིག་ཚང་སོགས་སྐད་བརྡ་རིག་པ་དང་འབྲེལ་བའི་དཔྱད་འབྲས་སྣ་ཚོགས་དང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བསྒྱུརརྩོམ། དཔྱད་གླེང་སོགས་ཀྱང་བསྐུར་བར་དགའ་བསུ་ཞུ།
ནན་ཁའེ་སློབ་ཆེན།
ཨོ་རེ་གོན་སློབ་ཆེན།
བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་པའི་ཆེད་མཁས་རྣམ་པའི་སྙན་ལམ་དུ་ཞུ་དོན།
དེ་ཡང་བོད་ཀྱི་སྐད་དང་ཡི་གེའི་སྐོར་ལ་ཕྱག་ལས་གནང་མཁན་ཀུན་གྱིས་ཕྱར་བ་གྲུ་འདེགས་བྱས་བའི་བཀའ་དྲིན་ལས། སྤྱི་ལོ་ ༢༠༡༦ ལོར་ཐེན་ཅིན་གྲོང་ཁྱེར་ནན་ཁའེ་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཚོགས་ཐུབ་པར་བྱུང་ནས། ད་ལྟའི་བར་རིམ་བཞིན་སྐབས་དྲུག་སྐོང་ཚོགས་བྱས་ཡོད།
དེ་ནས་སྤྱི་ལོ་༢༠༡༧ ལོའི་སྐབས་གཉིས་པའི་བགྲོ་གླེང་ཚོགས་འདུའི་སྟེང་དུ། ཚོགས་བཅར་ཆེད་མཁས་རྣམས་ནས་བསམ་ཞིབ་གོ་བསྡུར་ཐོག བོད་ཀྱི་སྐད་ཡིག་ཞིབ་འཇུག (藏语文研究 / Tibetan Language and Linguistics) ཅེས་བྱ་བའི་རིག་གཞུང་དུས་དེབ་གསར་འདོན་བྱ་རྒྱུ་གཏན་ཁེལ་བ་ལྟར། ང་ཚོས་ལོ་འགའི་རིང་ལ་གྲ་སྒྲིག་ལེགས་པར་བྱས་མཐར། ད་རེས་དུས་དེབ་འདི་གསར་འདོན་གྱི་ལས་ཀ་འགོ་ཚུགས་པས་ན། ཡུལ་ཕྱོགས་གང་སར་བཞུགས་པའི་ཆེད་མཁས་རྣམས་ནས་རིག་གཞུང་ཕྱག་རྩོམ་རེ་བསྩལ་གནང་མཛད་རོགས་ཞེས་ཞུ་རྒྱུ་ཡིན།
བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་བྱ་བའི་དུས་དེབ་འདིའི་སྟེང་ལ། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་སྣ་ཚོགས་ཀྱིས་བྲིས་པའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་དཔྱད་འབྲས་དགོད་འཆར་ཡོད་ཅིང་། ཤོག་དཔར་དང་གློག་དཔར་ཟུང་འབྲེལ་གྱིས་འགྲེམ་སྤེལ་བྱ་རྩིས་ཡིན། ནང་དོན་གྱི་ཐད་ནས། བོད་ཀྱི་སྐད་རིགས་སྣ་ཚོགས་དང་ཡུལ་སྐད་འདྲ་མིན་གྱི་སྐད་སྒྲ་དང་། སྒྲ་ཁམས། ཡི་གེ ཐ་སྙད། བརྡ་སྤྲོད། ལོ་རྒྱུས། ཡིག་ཚང་སོགས་སྐད་བརྡ་རིག་པ་དང་འབྲེལ་བའི་དཔྱད་འབྲས་སྣ་ཚོགས་དང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བསྒྱུརརྩོམ། དཔྱད་གླེང་སོགས་ཀྱང་བསྐུར་བར་དགའ་བསུ་ཞུ།
དུས་དེབ་འདིའི་རྩོམ་སྒྲིག་ལྷན་ཚོགས་ལ་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་སྐད་ཡིག་སྐོར་གྱི་ཆེད་མཁས་དང་། བོད་དང་འབར་མའི་སྐད་སྡེ་དང་བོད་རྒྱ་སྐད་རྒྱུད་སྐོར་གྱི་གནད་ཡོད་ཆེད་མཁས་ཁག་ཅིག་གདན་འདྲེན་ཞུ་རྒྱུ་ཡིན། དཔྱད་རྩོམ་དག་མིང་གབ་དཔྱད་བཤེར་བྱ་རྒྱུ་ཡིན་ལ། རྩོམ་སྒྲིག་པ་དག་ནི་སྐད་བརྡ་རིག་པ་ལ་ཆེད་དུ་དོན་གཉེར་བྱེད་མཁན་འབའ་ཞིག་ཡིན། རྩོམ་ཡིག་ལ་ཤོག་ངོས་བླུ་ཡོན་གང་ཡང་སྤྲད་མི་དགོས་ཤིང་། དཔྱད་རྩོམ་སྤེལ་གྲུབ་རྗེས་རྩོམ་ཡོན་གྱི་དོད་དུ་རྩོམ་པ་པོ་སྒེར་ལ་འདོན་ཐེངས་གང་དེའི་དེབ་ཕུད་སྐྱེས་སུ་དབུལ་བར་བྱ།
དུས་དེབ་འདིའི་རྩོམ་སྒྲིག་པ་ནི་ནན་ཁའེ་སློབ་ཆེན་དང་ཨོ་རེ་གོན་སློབ་ཆེན་གཉིས་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་ཁག་གཅིག་ཡིན་ཞིང་། རྩོམ་སྒྲིག་ཁང་ནི་ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་སུ་འཛུགས་རྒྱུ་ཡིན། ནན་ཁའེ་སློབ་ཆེན་ནི་ཀྲུང་གོའི་ནང་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་རྩེ་གྲ་ཞིག་ཡིན་པ་མ་ཟད། བོད་རྒྱ་སྐད་རྒྱུད་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་ཐད་ཀུན་གྱིས་མཐོང་ཆེན་དུ་འཛིན་པ་ཞིག་ཡིན།
དུས་དེབ་འདིས་བོད་ཡིག་གི་ཐོག་ནས་སྐད་བརྡ་རིག་པའི་དཔྱད་རྩོམ་འབྲི་བ་དང་སྒྲོག་སྤེལ་བྱེད་པ་ལ་སྐུལ་མ་གཏོང་རྒྱུ་དང་། རྒྱ་ཡིག་གི་ཐོག་ནས་སྤེལ་ཟིན་པའི་རྩོམ་ཡིག་ཚད་ཐུབ་དག་སླར་ཡང་བོད་ཡིག་གི་ལམ་ནས་དུས་དེབ་འདིར་བསྐུར་བར་ཡང་དགའ་བསུ་ཞུ། (ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྩམས་ཆོས་བདག་དབང་གི་ཁྲིམས་ཀྱི་དོན་ཚན་ཉེར་གཉིས་པའི་ཚན་པ་བཅུ་གཅིག་པ་ལྟར་ན། རྒྱའི་སྐད་ཡིག་གི་ལམ་ནས་སྤེལ་ཟིན་པའི་བརྩམས་ཆོས་དག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱ་བ་ལ་བརྩམས་ཆོས་བདག་དབང་འཛིན་མཁན་གྱི་ཆོག་མཆན་མི་དགོས།) གལ་ཏེ་དཔྱད་རྩོམ་གང་དེ་དཔྱད་བཤེར་ཀྱི་ཆུ་ཚད་ལོངས་ན། བརྩམས་ཆོས་དེ་ཐོག་མའི་རྩོམ་པ་པོ་གང་དེའི་བོད་ཡིག་དཔར་མའམ་བོད་འགྱུར་གྱི་རྣམ་པའི་ཐོག་ནས་དགོད་པར་བྱ།
ད་ལྟའི་ཆར། བོད་ཀྱི་སྐད་ཡིག་ཞིབ་འཇུག་དམིགས་སུ་བཟུང་བའི་སྐད་བརྡ་རིག་པའི་དུས་དེབ་གང་ཡང་མེད་ཕྱིར། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཅེས་བྱ་བའི་དུས་དེབ་འདི་གསར་དུ་འདོན་པ་ལ་དོན་སྙིང་ཤིན་ཏུ་ཆེ་བས། འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་ཆེད་མཁས་རྣམས་ནས་རྒྱབ་སྐྱོར་མི་དམན་པ་གནང་རོགས་ཞེས་ཞུ་རྒྱུ་དང་། དུས་དེབ་འདིའི་ཐོག་མའི་འདོན་ཐེངས་ཀྱི་རྩོམ་ཡིག་སྐུར་བའི་དུས་བཅད་ནི་སྤྱི་ལོ་༢༠༢༥ལོའི་ཟླ་༩པའི་ཚེས་༡ཉིན་ཡིན། སྐུ་ཉིད་ནས་དུས་ལྟར་ཕྱག་རྩོམ་རེ་བསྩལ་བའི་རེ་འདུན་ཤིན་ཏུ་ཆེ།
དུས་དེབ་འདི་གའི་ཆེད་དམིགས་ཡིག་ཟམ་ Thibetan@126.com (Thibetanལ་"h"ཡོད་པ་གལ་ཆེ)
དཔྱད་རྩོམ་གྱི་བླང་བྱ་གཞན་རྣམས་ཟུར་བཀོད་ལྟར་ཡིན་ནོ།
ནན་ཁའེ་སློབ་ཆེན་གྱི་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས།
Nankai University (ནན་ཁའེ་སློབ་ཆེན)
University of Oregon (ཨོ་རེ་གོན་སློབ་ཆེན)